སྤྱི་ ལོ༢༠༠༨ལོའི་ཟླ༡༢པའི་ཚེས༡༨ཉིན་ཀྲུང་གོའི་བོད་ལྗོངས་དྲ་བ་ཞེས་པའི་ཐོག་ཏཱ་ལའི་ རུ་ཚོགས་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་སྲིད་དབང་སྒེར་གཅོད་ཀྱི་ངོ་བོར་ལྟ་བ་ ཞེས་པར་དཔྱད་པ་བརྗོད་པ།

རྒྱ་ ནག་གཞུང་གིས་བོད་ཐོག་ཏུ་འཛིན་པའི་བཅོས་མའི་སྲིད་ཇུས་ཀྱི་རྫུན་རྐུབ་བརྡོལ་ ནས་གཅིག་ཐོག་གཉིས་བརྩེགས་ཀྱི་ཕམ་ཉེས་རིམ་པར་བྱུང་བ་དང༌། ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ནམ་མཁར་མི་ཤོང་བའི་རླབས་ཆེན་ཆོས་སྲིད་ ཀྱི་མཛད་འཕྲིན་ཁག་དབྱར་གྱི་ཆུ་གཏེར་རྒྱས་པ་ལྟར་གོང་ནས་གོང་དུ་འཕེལ་ཞིང༌། བོད་དོན་རྒྱལ་སྤྱི་ཅན་ལ་ཁ་ཕྱོགས་པའི་རླབས་ཆེན་གྱི་བྱ་བཞག་ལ་འཕུར་མཆོང་རང་ བཞིན་གྱི་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ། བོད་མིའི་རང་དབང་འཐབ་རྩོད་ལ་ལོ་རྒྱུས་རང་བཞིན་གྱི་འགག་གྲོལ་གསར་པ་བྱུང་བ་ བཅས་ཀྱིས། རྒྱ་གཞུང་གི་འབྲེལ་ཡོད་ལས་ཁུངས་ཁག་དང༌། དཔོན་རིགས་རུ་ཚོགས་རྣམས་འཇིགས་སྣང་ཚད་མེད་སྐྱེས་པ་དང༌། གནས་ལུགས་ཀྱི་རྒྱབ་བརྟེན་མེད་པའི་གནས་སྟངས་དེ་འདྲའི་སྐབས། ག་དུས་ཡིན་རུང་གང་བྱེད་འདི་བྱེད་མེད་པར་གྱུར་པར་བརྟེན། མཐར་ཁོང་ཚོས་རང་གི་གཤམ་འོག་ཏུ་ཡོད་པའི་མི་རྣམས་ལ་བཙན་བཀའ་བཏང་ནས་མི་བདེན་ རྫུན་སྒྲིག་གི་རྩོམ་འཆལ་འབྲི་རུ་བཅུག་གིན་ཡོད་ཅིང༌། རྩོམ་འཆལ་ནང་ཐོག་མཐའ་བར་གསུམ་དུ་ྋགོང་ས་མཆོག་དང་ཁོང་གིས་དབུ་ཁྲིད་གནང་བའི་ བཙན་བྱོལ་བོད་གཞུང་ནི། རྦད་དེ“སྲིད་དབང་སྒེར་གཅོད”ཀྱི་ ལམ་ལུགས་ཡིན་པ་རྩལ་བཏོན་བྱས་ཏེ། ཕམ་ཁ་བརྒྱ་ཕྲག་ཕྱིན་པའི་རེ་བ་དེ་སླར་ཡང་སྒྲུབ་ཨེ་ཐུབ་སྙམ་པའི་སྟོང་བསམ་ཞིག་ བཅངས་ཡོད།

ཡིནའང༌། རྩོམ་འཆལ་དེར་ཅུང་ཞིབ་ཚགས་ཀྱི་ཐོག་ནས་བལྟས་ན་རྩོམ་པ་པོར་མང་གཙོའི་ལྟ་གྲུབ་ ལ་ཐོས་རྒྱ་ཆུང་ཞིང༌། དུས་རབས་གསར་པའི་ཤེས་ལྡན་པ་ཞིག་ལ་མ་མཐར་ཡང་འཛོམ་དགོས་པའི་མི་གཤིས་ཀྱི་ལྟ་བ་ དང༌། དྲང་བདེན་གྱི་ལྟ་བ། མི་ཆོས་ཀྱི་ལྟ་བས་ཕོངས་ཤིང༌། མིའི་ རིགས་ཀྱི་ཞི་བདེ་དང༌། རང་དབང༌། འདྲ་མཉམ་བཅས་ ཀྱི་དོན་དུ་འབད་ཐབས་གནང་མཁན་གྱི་སྐྱེས་བུ་ཞིག་ལ་གང་བྱུང་གི་ཚིག་མཚོན་འདེབས་ པ་དང༌། དམའ་འབེབས་གཏོང་བ། ཐ་ན། རྩོམ་པ་པོ་ཞིག་གིས་ཁུར་དགོས་པའི་འགན་འཁྲི་དང་རྩ་དོན་མཐའ་དག་རྦད་དེ་གཏིང་ བརྗེད་དུ་གྱུར་ནས། རང་གིས་རང་ལ་དགག་པ་ཡང་ཐེབས་ཡོད་པ་དེའི་ཐོག་ནས་བལྟས་ན། རྩོམ་ པ་པོ་རང་ཉིད་ལ་ཡང་དག་པའི་རང་དབང་དང༌། མང་གཙོའི་ཁོར་ཡུག་མེད་པའི་གཞན་དབང་སྟབས་བསྟུན་དང༌། གོང་རིམ་དབང་འཛིན་པས་རྒྱུག་པ་ལེབ་རྡུང་གིས་འབྲི་རུ་བཅུག་པ་གསལ་པོར་མཐོང་ ཐུབ་པས་ན། ཁོང་ཡང་ང་ཚོས་སེམས་ཁྲལ་བྱ་ཡུལ་གྱི་བོད་མི་ཀུན་དང་འདྲ་བར་རང་དབང་མེད་པ་གཅིག་ མཚུངས་རེད། ཡིན་ནའང༌། གནས་ལུགས་ཀྱིས་ཕོངས་པའི་ཅ་ཅོའི་རྩོམ་འཆལ་དེ་རིགས་ལ། བདེན་དོན་གྱི་པིར་རྩལ་འཕྱར་ནས་རྒོལ་གཏམ་གྱི་གཏན་ཚིགས་འགོད་རྒྱུ་དེ་ནི། དྲང་བདེན་དང་ཡར་ཐོན་ལ་ཞོགས་པའི་མི་ཞིག་གིས་ཁུར་དགོས་པའི་འགན་འཁྲི་དང་དོར་ ཐབས་མེད་པའི་ལས་འགན་ཡིན་པར་བརྟེན། ང་ཚོས་ཐེངས་འདིར་གཏན་ཚིགས་འགའ་ཞིག་གི་ལམ་ནས་ཚར་གཅོད་བྱས་ཆོག་པ་སྟེ། རྩོམ་འཆལ་ནང༌། ཟླ་༡༠ པའི་ནང༌། “ ཏཱ་ ལའི་རུ་ཚོགས་ཀྱིས་རྒྱ་གར་དུ་འབྱུང་འགྱུར་གྱི་མདུན་ལམ་གྲོས་སྡུར་བྱེད་པའི་ དམིགས་བསལ་གྱི་ཚོགས་ཆེན་ཆེད་མངགས་འཚོགས་ཡོད། ཉིན་དྲུག་རིང་ཚོགས་འདུ་འཚོགས་པ་བརྒྱུད་གྲོས་ཐག་བཅད་པ་ནི་ཏཱ་ལའི་བླ་མ་ནི་ས་ ཁོངས་ཕྱི་ནང་གི་བོད་མི་དམངས་ཀྱི་ཆོས་སྲིད་ཀྱི་གཙོ་འཛིན་མཐོ་ཤོས་དེ་ཡིན་པའི་ ངོས་འཛིན་མགྲིན་གཅིག་ཏུ་བྱས་པར་བརྩི་བཀུར་དང་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་ རྒྱུ་ཡིན། དམིགས་བསལ་ཚོགས་ཆེན་ཐོག་ཏཱ་ལའི་བླ་མ། ལས་འཁྱུར་རམ་ཡང་ན་ཕྱེད་ལས་འཁྱུར་མི་བྱེད་པར་མུ་མཐུད་དུ་བོད་མི་དམངས་ལ་འགོ་ ཁྲིད་བྱ་རྒྱུའི་རེ་འབོད་དྲག་པོ་བཏོན་པ་བཅས་རེད།” མི་ ལ་ལས་ད་དུང་ཏཱ་ལའི་བླ་མས་ཕྱེད་ལས་འཁྱུར་བྱེད་རྒྱུའི་གསལ་བསྒྲགས་སྤེལ་ཚེ་ ཡུལ་གྱར་བོད་མི་དང་ས་ཁོངས་ནང་ཁུལ་དུ་ཡོད་པའི་བོད་མི་ཡིད་ཐང་ཆད་རྒྱུ་ཡིན་པར་ བརྟེན། ཏཱ་ལའི་བླ་མས་ཕྱེད་ལས་འཁྱུར་བྱ་རྒྱུའི་གསལ་བསྒྲགས་མི་སྤེལ་རྒྱུའི་རེ་བ་ཡང་ བཏོན་ཡོད། “དེ་ལྟ་བུའི་རེ་ཞུའི་ཁྲོད་དུ་ཏཱ་ལས་ཉིན་ཤས་གོང་གི་ ཤོད་སྟངས་ལ་འགྱུར་ལྡོག་བཏང་ནས་རྫིག་མདོག་ཁ་པོས་ངས་ལས་འཁྱུར་བྱ་མི་སྲིད། ཚེ་མཇུག་ཏུ་བོད་མིའི་ཆེད་ལས་དོན་བསྒྲུབ་རྒྱུ་ཡིན”ཞེས་བཤད་ཡོད། “ཏཱ་ ལའི་འཁྲབ་སྟོན་དེར་གནས་ལུགས་མི་རྟོགས་མཁན་ཚོ་ཧང་སང་ཡོད།

དོན་དམ་དུ་ཏཱ་ལའི་རུ་ཚོགས་ལ་རྒྱུས་མངའ་ཕྲན་བུ་ཡོད་མཁན་ཞིག་ཡིན་ཚེ། ཚང་མས་ལོ་བཅུ་ཕྲག་ཁ་ཤས་རིང་ཏཱ་ལའི་རུ་ཚོགས་ཀྱིས་དེ་ལྟར་བྱས་ནས་བསྡད་ཡོད་པ་ དང༌། ཁོ་པའི་ཆོས་སྲིད་ཟུང་འབྲེལ་གྱི་སྲིད་དབང་སྒེར་གཅོད་ཀྱི་ངོ་བོར་འགྱུར་ལྡོག་ གཏན་ནས་གཏོང་མྱོང་མེད་པ་དེ་ཤེས་ཐུབ”ཅེས་འཁོད་ཡོད། གོང་ གི་སྐད་ཆ་དེ་དག་ནི་རྩོམ་འཆལ་གྱི་སྔོན་འགྲོའི་གླེང་གཞི་ཡིན་ཞིང༌། གླེང་གཞིའི་ནང་ཕྱོགས་བསྡོམས་བྱས་པའི་གནས་ཚུལ་དེའི་ཐོག་ནས་བལྟས་ན། རྩོམ་པ་པོས་གང་ཞིག་ལ་མང་གཙོ་ཟེར་བ་དང༌། གང་ཞིག་ལ་སྲིད་དབང་སྒེར་གཅོད་ཟེར་གྱི་ཡོད་མེད་ཀྱི་གནད་དོན་འདི་ཤེས་ཀྱི་མེད་ པ་འདྲ། ཚོགས་འདུའི་ཐོག་ྋགོང་ས་མཆོག་ནི་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་ གཙོ་འཛིན་ཡིན་པ་དང༌། གང་ཉིད་ཕྱེད་བགྲེས་ཡོལ་དུ་མ་བཞུགས་པར་སྔར་བཞིན་སྐུ་དབང་བཞེས་དགོས་པའི་གཏན་ འཁེལ་ཐག་གཅོད་བྱེད་མཁན་དེ་ྋགོང་ས་མཆོག་སྐུ་སྒེར་གྱིས་ཐག་གཅོད་གནང་བ་ཞིག་མ་ ཡིན་པར། དེ་ནི་རྩོམ་པ་པོ་རང་ཉིད་ཀྱིས་བཤད་པ་ལྟར་དམིགས་བསལ་གྱི་ཚོགས་འདུའི་ཐོག་ཐག་ གཅོད་བྱུང་བ་ཞིག་རེད། འོ་ ན། དམིགས་བསལ་གྱི་ཚོགས་ཆེན་དེའི་མི་སྣའི་གྲུབ་ཆ་དང༌། བསམ་ཚུལ་བསྡུ་རུབ་བྱེད་སྟངས་ཀྱི་དོན་དངོས་ཀྱི་རྣམ་པ་ཇི་ལྟར་ཡིན་ནམ་ཞེ་ན། གཞུང་ཞབས་ལས་བྱེད་པའི་འཐུས་མི་དང༌། སློབ་གྲྭ་ཁག་གི་འཐུས་མི། གྲྭ་ས་ཁག་གི་འཐུས་མི། གཞིས་ཆགས་ཁག་གི་འཐུས་མི། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་ཁག་གི་འཐུས་མི་བཅས་དང༌། ད་དུང་སྤྱི་ཚོགས་ཀྱི་སྟེང་དུ་དོ་ཁུར་ཅན་གྱི་མི་རྣམས་ལ་ས་མིག་ཉི་ཤུ་བཅས་ སྤྲད་ཡོད་པས། ཚོགས་ཆེན་དེར་ཁྱོན་བསྡོམས་མི་གྲངས ༥༦༢ ཚོགས་ཞུགས་བྱས་ཡོད་པ་དང༌། ཁྱོན་བསྡོམས་ཚོགས་ཆུང་༡༥ ཁག་བགོས་བྱས་ཡོད་ལ། ཚོགས་ཆུང་རེར་མི་གྲངས་ ༣༠ ལྷག་ཙམ་བཞུགས་ཡོད།

ཚོགས་ཆུང་ཁག་གི་ནང་དུ་བོད་གཞུང་གི་བཀའ་བློན་སོགས་གནད་ཡོད་མི་སྣ་རྣམས་བཞུགས་ ཡོད་ཀྱང༌། ཁོང་རྣམས་ནི་ཚོགས་འདུར་ཟུར་ཞུགས་བྱེད་མཁན་ཙམ་ཞིག་ཡིན་པ་ལས་བཀའ་གཏོང་རྒྱུའི་ དབང་ཆ་ལྟ་ཅི། ཐ་ན། གཏམ་བཤད་དང་བསམ་ཚུལ་ཙམ་ཡང་བརྗོད་ཆོག་གི་མེད། དེ་ དང་ཆབས་ཅིག་ཏུ་རྒྱ་ནག་གཞུང་གི་དྲག་གནོན་དང་བཀག་རྒྱ་ཆེ་བའི་དམ་བསྒྲགས་ཀྱི་ འོག་ནས་གཞིས་ལུས་བོད་མི་རྣམས་ཀྱིས་འཇིགས་ཞུམ་མེད་པར་དྲ་ཐོག་དང༌། ཁ་པར་སོགས་གང་རུང་གི་ལམ་ནས་རང་གི་བསམ་ཚུལ་ཤོད་མཁན་མི་གྲངས་ ༡༧༦༢༡ ལྷག་ཙམ་ཡོད་པ་དེ་ནི། ཐེངས་དེའི་ཚོགས་ཆེན་གྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན། དེར་ བརྟེན། རྩོམ་པ་པོས་བརྗོད་པ་ལྟར༌། ྋགོང་ས་མཆོག་ནི་བོད་ཀྱི་ཆོས་སྲིད་གཉིས་ཀྱི་གཙོ་འཛིན་ཡིན་པ་དང༌། གང་ཉིད་ཀྱི་བོད་ཀྱི་ཆོས་སྲིད་གཉིས་ཀྱི་སྐུ་དབང་མུ་མཐུད་དེ་བཞེས་དགོས་པའི་ གཏན་འཁེལ་ཐག་གཅོད་བྱེད་མཁན་ནི། ཚོགས་ཆེན་དེར་ཚོགས་ཞུགས་བྱེད་མཁན་མི་མང་གིས་ཐག་གཅོད་བྱས་པ་ཞིག་ཡིན་པ་ལས། ྋགོང་ས་མཆོག་སྐུ་སྒེར་གྱིས་ཐག་གཅོད་བྱས་པ་ཞིག་གཏན་ནས་མ་ཡིན། མང་ཚོགས་ཀྱི་ཐག་གཅོད་དང་འདམ་ག་བྱེད་པ་དེར“དམངས་གཙོ”ཞེས་ ཟེར་བ་དང༌། ཚོགས་པ་གཅིག་དང་མི་གཅིག་གིས་བཀའ་བཏང་ནས་ཐག་གཅོད་བྱེད་པ་དེར་སྲིད་དབང་སྒེར་ གཅོད་ཅེས་བརྗོད་ཀྱི་ཡོད། དཔེར་ན། རྒྱ་གཞུང་རང་ཉིད་ལྟ་བུ་རེད།

དང་པོ། ལོ་རྒྱུས་ཀྱི་ཐག་གཅོད་དང་མི་མང་གི་འདེམ་སྒྲུག་བྱས་པ།

རྩོམ་འཆལ་ ནང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་བཅུ་དགུ་དང༌། དོན་ཚན་ཉེར་དགུ། དོན་ཚན་སུམ་ཅུ། དོན་ཚན་གོ་བདུན། དོན་ཚན་བརྒྱ་དང་བཅུ་མེད་གཅིག་བཅས་ཀྱི་ནང་དུ་འཁོད་པའི་གཏན་འབེབས་ཁག་ལུང་ འདྲེན་གྱི་ཐོག་ནས་བཙན་བྱོལ་བོད་གཞུང་ནི་“སྲིད་དབང་སྒེར”གཅོད་ཀྱི་གཞུང་ཞིག་དང༌། དེ་ཡང་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་དབང་ཡོད་ཚད་སྒེར་བཟུང་བྱས་ ཡོད་པ་རྩལ་བཏོན་བྱས་ཡོད། བཙན་ བྱོལ་བོད་མིའི་བཅའ་ཁྲིམས་ཁྱབ་ཚད་དང༌། མང་གཙོའི་ངོ་བོ། གཞུང་གི་ཉིན་རེའི་འཛིན་སྐྱོང་གི་ལས་དོན་བཅས་ལ་རྒྱུས་མངའ་མེད་པའི་མི་ཞིག་གི་ ངོས་ནས་བཤད་ན། ཡེ་རྡོར་གྱིས་བྲིས་པའི་རྩོམ་འཆལ་དེ་དངོས་འབྲེལ་ཞིག་ཡིན་པའི་འཆར་སྣང་སྐྱེས་ སྲིད་ཀྱང༌། དོན་དངོས་ཐོག་རྩོམ་འཆལ་གྱི་ནང་དོན་དང་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ཀྱི་ངོ་ བོ་ནི་དེ་ལས་ལྡོག་པ་ཞིག་ཡིན་ཞིང༌། ང་ཚོས་རྩོམ་འཆལ་ནང་དུ་འཁོད་པའི་གནད་དོན་ཁག་དང༌། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ངོ་མར་བལྟས་ནས་ཕན་ཚུན་བསྡུར་ཞིབ་གཏོང་བའི་ སྐབས། ཕྱོགས་དེ་གཉིས་ཀྱི་དབར་ལ་ཁྱད་པར་ཆེན་པོ་ཡོད་པ་མཐོང་ཐུབ། ཁྱད་ པར་དེ་ལྟར་ཤོར་དགོས་པའི་རྒྱུ་རྐྱེན་ནི་ཕྱོགས་གཅིག་ནས་རྩོམ་པ་པོ་ཡེ་རྡོར་ གྱིས་དོན་དངོས་ལ་འཁྱོག་བཤད་བྱས་པ་དང༌། ཐ་སྙད་ཟང་ཟིང་བཟོ་བ། གནད་དོན་ལ་གོ་བ་ལེན་པའི་ནུས་པ་སྐྱོ་བ་དང༌། ཕྱོགས་གཞན་ཞིག་ནི་ཁོང་གིས་ལུང་འདྲེན་བྱས་པའི་དཔྱད་གཞིའི་ཡིག་རིགས་ཁག་ནི་ལག་ བརྒྱུད་གཉིས་པ་དང༌། ཐ་ན། ལག་བརྒྱུད་གསུམ་པ་བཅས་ལས་བྱུང་བ་ཞིག་ཡིན་པར་བརྟེན། ཐོག་མའི་མ་ཡིག་གི་ནང་དོན་ལ་ཡང་ཁྱད་པར་ཆེན་པོ་ཤོར་ཡོད་པ་ང་ཚོས་རིག་པས་དཔྱད་ ཐུབ་པ་སྟེ། དཔེར་ན། རྩོམ་འཆལ་གྱི་དོན་ཚན་བཅུ་དགུ་པའི་ནང“སྲིད་ གཞུང་གི་དབང་ཆ་མཐོ་ཤོས་ཏཱ་ལའི་བླ་མར་ཡོད་པས། ཏཱ་ལའི་བླ་མས་ཐད་ཀར་རམ་ཡང་ན་གཤམ་འོག་གི་སྒྲིག་གཞི་བརྒྱུད་དབང་ཆ་སྤྱོད་པ་ དང༌། བཀའ་རྒྱ་སྤེལ་ཆོག་པ་དང་འབྲེལ་རྒྱལ་ཁབ་ཀྱི་གཙོ་བདག་མིང་ཐོག་ནས་དམིགས་བསལ་ གྱི་དབང་ཆ་ལྡན་ཡོད”ཅེས་འཁོད་ཡོད།

ཡིན་ནའང༌། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ངོ་མར་ལྟ་བའི་སྐབས་དོན་ཚན་བཅུ་དགུ་པའི་ནང་དོན་ དངོས་ནི་འདི་ལྟར་ཏེ། “གཞུང་གི་འགན་འཛིན་དབང་ཆ་ྋགོང་ས་སྐྱབས་ མགོན་ཆེན་པོ་མཆོག་ལ་ཡོད་ཅིང༌། བཅའ་ཁྲིམས་འདིའི་དོན་ཚན་ཁག་གཞིར་བཟུང་ྋགོང་ས་མཆོག་གིས“ཐད་ཀར་ རམ་གཤམ་འོག་འགན་འཁུར་སྲི་ཞུ་བ་བརྒྱུད་དབང་ལུང་ཁྱབ་སྒྱུར་མཛད་རྒྱུ”ཞེས་ འཁོད་ཡོད། རྩོམ་འཆལ་ནང་དུ་འཁོད་པའི་“སྲིད་གཞུང་གི་དབང་ཆ་ མཐོ་ཤོས་ཏཱ་ལའི་བླ་མར་ཡོད”ཅེས་པ་དང༌། “བཅའ་ ཁྲིམས་ངོ་མའི་ནང་འཁོད་པའི་གཞུང་གི་འགན་འཛིན་དབང་ཆ་ྋགོང་ས་སྐྱབས་མགོན་ཆེན་ པོ་མཆོག་ལ་ཡོད”ཅེས་པ་དེ་གཉིས་ཀྱི་དབར་ལ་ངོ་བོའི་ཐོག་ནས་ཁྱད་ པར་ཆེན་པོ་ཡོད་པ་སྟེ། གཅིག རྩོམ་པ་པོ་ཡེ་རྡོར་གྱིས“འགན་འཛིན་ དབང་ཆ ”ཞེས་པ་དང༌། “སྲིད་གཞུང་གི་དབང་ཆ”ཞེས་ པའི་མིང་ཚིག་དེ་གཉིས་ལ་གོ་བ་ལོན་མ་ཐུབ་པར་རང་སྣང་གང་དྲན་གྱིས་འགྲེལ་ལོག་ བྱས་ཡོད་པས། ང་ཚོས་ཐོག་མར་གནད་དོན་འདི་གཉིས་ལ་དབྱེ་བ་ཅི་འདྲ་ཡོད་མེད་ལ་ལན་འདེབས་བྱ་ རྒྱུ་ཡིན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཙམ་མ་ཟད། ཚོགས་པ་བྱེ་བྲག་པའི་འཛིན་སྐྱོང་ལས་དོན་སོགས་ཀྱི་ནང་དུའང“ འགན་ འཛིན་ལྷན་ཚོགས”དང༌། “འགན་འཛིན་དབང་ཆ”ཞེས་ དང“འགན་འཛིན”ཞེས་པའི་མིང་ཚིག་འདི་རྟག་ཏུ་གོ་ རྒྱུ་ཡོད་པ་ཞིག་རེད། ཐ་ སྙད་འདིའི་གོ་དོན་ངོ་མ་ནི་རང་ལ་འཁྲི་བའི་འགན་འཁྲི་དང་ལེན་བྱས་པའམ་ཡང་ན། ལམ་སྟོན་གནང་མཁན་གྱི་གོ་དོན་ཡིན་པ་ལས་རྒྱུག་པ་ལེབ་རྡུང་གིས་ཐག་གཅོད་བྱས་ པའི་གོ་དོན་གཏན་ནས་མིན་པས། གནད་དོན་དེ་གཉིས་ལ་རྦད་དེ་རྩ་དོན་གྱི་ཐོག་ནས་དབྱེ་བ་དང་ཁྱད་པར་ཡོད།

དཔེར་ན། བོད་རྒྱའི་དཀའ་རྙོག་སེལ་ཕྱོགས་ཀྱི་ཐད་ལ་ྋགོང་ས་མཆོག་གིས་དབུ་མའི་ལམ་གསལ་ སྟོན་མཛད་ཡོད་ཀྱང༌། བཙན་བྱོལ་ནང་དབུ་མའི་ལམ་མ་ཡིན་པའི་རང་བཙན་རྩོད་ལེན་བྱེད་མཁན་དང༌། རང་ཐག་རང་གཅོད་རྩོད་མཁན་སོགས་རྣམ་པ་འདྲ་མིན་ཡོང་དགོས་པའི་རྒྱུ་རྐྱེན་ཅི་ ཞིག་ཡིན་ནམ་ཞེ་ན། དེ་ནི་རྒྱུ་རྐྱེན་གཅིག་རང་ལས་མེད་པ་སྟེ་ྋགོང་ས་མཆོག་གི་ལམ་སྟོན་གནང་བ་དེར་ དང་ལེན་དང་བརྩི་བཀུར་བྱ་མིན་ནི། གང་ཟག་རང་ཉིད་ཀྱིས་ཐག་གཅོད་བྱེད་པའི་གནད་དོན་ཞིག་ཡིན་པ་ལས། གཞན་གྱིས་བཙན་ཤེད་ཀྱིས་ཐག་གཅོད་བྱེད་པའི་གནད་དོན་ཞིག་མ་ཡིན། གཉིས། རྒྱལ་ཁབ་ཅིག་གི་ཁྲིམས་ལུགས་དང༌། ཆབ་སྲིད་ཀྱི་ལམ་ལུགས། འཛིན་སྐྱོང་གི་སྒྲིག་གཞི་གཏན་འབེབས་བྱེད་པའི་བརྒྱུད་རིམ་ནང་ཐོག་མར་རྒྱལ་ཁབ་ ཀྱི་གཙོ་འཛིན་ཚོས་འགན་བཞེས་གྲོས་འགོ་འདོན་རྒྱུའི་ལམ་ལུགས་དེར་རྩོམ་པ་པོར་ཆ་ རྒྱུས་མེད་པ་གསལ་པོ་རེད་འདུག གནད་དོན་དེ་དག་གི་ཐོག་ནས་བལྟས་ན་ཡེ་རྡོར་གྱི་རྩོམ་འཆལ་ནང་བཤད་པ་ཐམས་ཅད་ནི་ མི་བདེན་རྫུན་སྒྲིག་གི་འཁྱོག་བཤད་བྱས་པ་ཁོ་ན་ཡིན། ཁོ་ ཚོས་རྫུན་གཏམ་ཤོད་པའི་དཔེ་མཚོན་གསར་ཤོས་ཤིག་བཞག་ན། ཉེ་ལམ་ཨ་རིའི་སྲིད་འཛིན་གསར་པ་ཨོ་སྦ་མཱས་སྲིད་འཛིན་ཁྲི་སྟོན་གྱི་མཛད་སྒོའི་ ཐོག་ཁོང་གིས་སྲིད་འཛིན་གནང་བའི་རིང“ལྐོག་ཟ་རུལ་སུངས་དང༌། དམར་པོའི་རིང་ལུགས་ལ་ངོ་རྒོལ་བྱེད་རྒྱུ་ཡིན”ཞེས་ གསུང་པའི་སྐབས་རྒྱ་ནག་གཞུང་གིས་འཕྲལ་དུ་བརྙན་འཕྲིན་བཀག་པས། གསར་འགྱུར་བརྙན་སྒྲོན་པ་དེ་ཡུད་ཙམ་ཞིག་གི་རིང་ཅི་བྱེད་འདི་བྱེད་མེད་པར་ལུས། དེ་ནས་བཟུང་རྒྱ་ནག་གིས་འགྲེམས་སྤེལ་བྱེད་པའི་གསར་ཤོག་དང༌། དུས་དེབ། དྲ་རྒྱ་སོགས་ཀྱི་ནང་ཨོ་སྦ་མཱའི་གཏམ་བཤད་ངོ་མ་དེ་དག་མཐོང་རྒྱུ་མེད་པར་གྱུར་ ཡོད།

ལྟོས་དང༌། ཉི་མ་ཁ་དཀར་ངོ་དཀར་ལ་རྫུན་གཏམ་འདི་ལྟར་སྒྲོག་པའི་སྐབས་ལྐོག་ལྐོག་སུལ་སུལ་ གྱིས་རྫུན་གཏམ་ཅི་ཙམ་སྒྲོག་གི་ཡོད་མེད་ཟུར་བལྟས་ལེབ་མཐོང་རེད་ལ། སྐུ་ཞབས་ཡེ་རྡོར་ལགས་ཀྱི་བྱེད་སྟངས་དེ་རིགས་ནི་སྤྱང་ཀིའི་ཨ་མའི་རྗེས་སུ་ སྤྱང་ཕྲུག་གིས་ལད་བགྲོད་བྱས་པ་དང་གཅིག་མཚུངས་ཤིག་རེད། ྋགོང་ ས་མཆོག་ནས་ད་དུང་བཙན་བྱོལ་བོད་མི་རྣམས་ལ་དམངས་གཙོའི་ལམ་ལུགས་སྔར་ལས་ལྷག་ པའི་འཐུས་སྒོ་ཇེ་ཚང་དང༌། ཡར་རྒྱས་གོང་འཕེལ་གཏོང་ཕྱོགས་ཀྱི་ལམ་སྟོན་དང༌། བླང་བྱ་རབ་དང་རིམ་པ་བཏོན་ཡོད་ལ་སྦྲང་ཆར་གྱི་རྗེས་སུ་མེ་ཏོག་གི་འཛུམ་མདངས་ བཞད་པའི་ཆོས་ཉིད་བཞིན། གང་ཉིད་ཀྱི་ཐུགས་རེ་གཞིར་བཟུང་བཙན་བྱོལ་སྤྱི་ཚོགས་ནང་མང་གཙོའི་ལམ་ལུགས་ལ་ ཡར་རྒྱས་ཆེན་པོ་བྱུང་ཡོད།

དཔེར་ན། ད་ལྟའི་བཀའ་བློན་ཁྲི་པ་ཡང་མི་མང་ཀྱིས་གཞན་གྱི་འགྲོ་ལུགས་གང་ཡང་བརྒྱུད་མི་ དགོས་པར་ཐད་ཀར་འདེམས་བསྐོ་བྱས་པ་ཞིག་རེད་ལ། ད་ཡོད་ཀྱི་སྤྱི་འཐུས ༤༣ ཡོད་པ་དེ་དག་ཀྱང་མི་མང་གིས་ཐད་ཀར་འོས་འདེམས་བྱས་པ་ཞིག་རེད། ལོ་ན་བཅོ་བརྒྱད་ཡན་གྱི་སྐྱེ་བོ་ཀུན་གྱིས་རང་གི་མོས་མཐུན་ཡོད་པའི་མི་ཞིག་རང་ གི་རྒྱལ་ཁབ་ཀྱི་འགོ་ཁྲིད་དང་མི་མང་གི་འཐུས་མིར་འདེམས་བསྐོ་བྱེད་ཀྱི་ཡོད། མ་ ཟད། ྋགོང་ས་མཆོག་གིས་ཏཱ་ལའི་བླ་མའི་ལམ་ལུགས་འདི་ཡང་མུ་མཐུད་དེ་གནས་དང་མི་གནས་ ནི་བོད་མི་མང་གིས་ཐག་གཅོད་བྱེད་དགོས་པའི་གནད་དོན་ཡིན་ཞེས་ཡང་ཡང་གསུངས་ཡོད། ཐོབ་ཐང་འདི་རིགས་ཡོད་པའི་ཆབ་སྲིད་ཀྱི་ལམ་ལུགས་ནི་ཡང་དག་པའི“མང་ གཙོའི”ལམ་ལུགས་ཀྱི་ཁྱད་ཡོན་ཡིན་པ་དང༌། དེ་ལས་ལྡོག་པར་གྱུར་བའི་ངན་རུལ་གྱི་ལམ་ལུགས་ནི“སྲིད་དབང་སྒེར་ གཅོད”ལམ་ལུགས་ཀྱི་ཞན་ཆ་ཡིན་ཏེ། དཔེར་ན། རྒྱ་ནག་དམར་ཤོག་ཚོགས་པ་ནི་རང་གིས་རང་འདེམས་བསྐོ་བྱས་པ་ཞིག་ཡིན་པ་དང༌། ཁོང་ཚོའི་རྩ་ཁྲིམས་ཀྱི་ནང“དམར་ཤོག་ཚོགས་པར་ངོ་རྒོལ་བྱས་མི་ཆོག”པ་ དང༌། “དམར་ཤོག་ཚོགས་པའི་འགོ་ཁྲིད་ལ་ངོ་རྒོལ་བྱས་མི་ཆོག”པ། “དམར་པོའི་ལམ་ལུགས་ལ་ངོ་རྒོལ་བྱས་མི་ཆོག ”ཅེས་གཏན་ འབེབས་བྱས་ཡོད་པས། དེའི་ནང“མི་མང་གི་བསམ་ཚུལ”དང“མི་ མང་གི་བདེ་སྡུག”ཅེས་པ་ཤོད་ས་གཏན་ནས་མེད་ན། དེ་ནི་ངེས་པ་དོན་གྱི“སྲིད་དབང་སྒེར་གཅོད”པ་ཞིག་ མ་ཡིན་ནམ། བཙན་ བྱོལ་བོད་མིའི་བཅའ་ཁྲིམས་ཀྱིས་དོན་དངོས་ཐོག་མི་མང་ལ་མང་གཙོ་དང༌། རང་དབང༌། འདྲ་མཉམ་གྱི་གནས་བབ་ཅི་ཙམ་སྤྲད་ཡོད་པ་ང་ཚོས་བཅའ་ཁྲིམས་ངོ་མར་གཞི་བཅོལ་ནས་ འགྲེལ་བཤད་ཆོག་པ་སྟེ། གོང་དུ་བརྗོད་པ་ལྟར་ད་ལྟའི་བཀའ་བློན་ཁྲི་པ་དང༌། གྲོས་ཚོགས་ཀྱི་འཐུས་མི་ཚང་མ་མི་མང་གིས་གཞན་གྱི་འགྲོ་ལུགས་གང་ཡང་བརྒྱུད་མི་ དགོས་པར་ཐད་ཀར་འདེམས་བསྐོ་བྱས་པ་ཞིག་ཡིན་པ་མ་ཟད། བཀའ་བློན་དང་སྤྱི་འཐུས་ཚོས་རང་གི་ལས་གནས་འཛིན་པའི་དུས་སྐབས་དེའི་རིང༌། ལས་དོན་སྒྲུབ་ཕྱོགས་ལ་དགེ་སྐྱོན་ཇི་འདྲ་ཡོད་པ་མི་མང་གིས་ཐད་ཀར་བསམ་འཆར་ བཏོན་ཆོག་ལ། སྐྱོན་བརྗོད་ཡང་བྱེད་ཆོག་ཅིང༌། ཐ་ན། སྐྱོན་བརྗོད་དང་བསམ་འཆར་འདོན་ཡུལ་གྱི་རང་དབང་ཅན་གྱི་ཚགས་པར་དང༌། དུས་དེབ། དྲ་རྒྱ། བརྙན་འཕྲིན། རླུང་འཕྲིན་སོགས་ཀྱི་ནང་རང་ཉིད་ལ་བསམ་འཆར་དང་ལྟ་ཚུལ་ཅི་ཞིག་ཡོད་ཀྱང་གླེང་ སློང་ཆོག་གི་ཡོད། བཅའ་ཁྲིམས་ཀྱི་དོན་ཚན་བཅུ་གཉིས་པའི་ནང་གཞི་རིམ་གྱི་ཐོབ་ཐང་ དང༌། རང་དབང་རྣམས་གོ་རིམ་ལྡན་པའི་ཐོག་ནས་གཏན་འབེབས་བྱས་ཡོད་པ་སྟེ།

༡ ལུས་སྲོག་དང༌། འདོད་དབང༌། མཁར་དབང་བཅས་ཀྱི་ཐོབ་ཐང་ཡོད་པ་དང༌།
༢ གཏམ་བརྗོད་དང༌། འགྲོ་འོང༌། གསར་ཤོག དུས་དེབ། རྩོམ་ཡིག་པར་འགྲེམས་དང་ཁྱབ་སྤེལ་སོགས་ཀྱི་རང་དབང་དང་ཐོབ་ཐང་ཆ་ཚང་བ་ལྡན་ཡོད། རང་དབང་ཅན་གྱི་གསར་ཤོག་དང༌། དུས་དེབ་སོགས་ཀྱི་ནང་གཞུང་དང་ལྟ་ཚུལ་མི་མཐུན་པའི་གནས་ཚུལ་ཅི་ཞིག་སྤེལ་ཀྱང་ ཆོག་ལ། གཞུང་དང་ལྟ་ཚུལ་མཐུན་པའི་དཔེ་དེབ་ཅི་ཞིག་འགྲེམས་སྤེལ་བྱས་ཀྱང་ཆོག་ཅིང༌། དེང་སྐབས་བཙན་བྱོལ་ནང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང༌། མི་སྒེར་སོགས་ཀྱིས་རང་དབང་ལྡན་པའི་ཐོག་ནས་ཚོགས་པ་གཉེར་བ་དང༌། དུས་དེབ་དང་ཚགས་པར་སྣ་ཚོགས་འདོན་བཞིན་ཡོད། ཚགས་ པར་དང་དུས་དེབ་དེ་དག་གི་ནང་དུ་གཞུང་དང་ལྟ་ཚུལ་མཐུན་པའི་རྩོམ་ཡིག་སྤེལ་མཁན་ ཡོད་ལ། གཞུང་དང་ལྟ་ཚུལ་མི་མཐུན་པའི་རྩོམ་ཡིག་སྤེལ་མཁན་ཡང་ཡོད། གཞུང་ལ་སྐྱོན་བརྗོད་བྱེད་མཁན་གྱི་རྩོམ་ཡིག་ཡོད་ལ་གཞུང་ལ་གདེང་འཇོག་བྱེད་ མཁན་གྱི་རྩོམ་ཡིག་ཀྱང་ཡོད།

དཔེར་ན། ཡེ་རྡོར་རང་ཉིད་ཀྱི་རྩོམ་འཆལ་ནང་སྤྱི་ལོ ༡༩༩༥ ལོའི < < རང་བཙན་དུས་དེབ > > ཐོག་ བཏོན་པའི“བོད་ཀྱི་ད་ལྟའི་མང་གཙོའི་གནས་ཚུལ”ཞེས་ པའི་རྩོམ་ཡིག་ནང་གི་སྐད་ཆ་དུམ་བུ་ཞིག་ལུང་འདྲེན་བྱས་ཡོད། རྩོམ་ཡིག་དེ་ནི་གཞུང་དང་ལྟ་ཚུལ་མི་མཐུན་པའི་རྩོམ་ཡིག་ཞིག་ཡིན་པ་མ་ཟད། རྩོམ་ཡིག་དེའི་ནང་ད་དུང་སྐབས་དེའི་བཙན་བྱོལ་བོད་གཞུང་གི་མང་གཙོའི་ལམ་ལུགས་ ཀྱི་གནས་སྟངས་ལ་སྐྱོན་བརྗོད་བྱས་ཡོད་པ་མ་ཟད། ཐ་ན། ཟུར་ཟའི་རི་མོ་ཡང་བྲིས་ཡོད་པ་རེད། རྩོམ་ ཡིག་དེ་སྤེལ་ནས་ལོ་བཅུ་བཞི་འདས་ཟིན་པ་དང༌། ལོ་ངོ་བཅུ་བཞིའི་རིང་བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་ལ་འགྱུར་ལྡོག་དང༌། ཡར་ཐོན་གྱི་མཐོ་རླབས་ཆེན་པོ་འཕྱུར་ཡོད་ཅིང༌། སྐབས་དེར་བཀའ་བློན་ཁྲི་པ་ྋགོང་ས་མཆོག་ནས་ཐད་སྐོས་བྱེད་པ་ནས། ད་ཆ་མི་མང་གིས་ཐད་ཀར་འོས་འདེམས་བྱེད་པའི་བར་ལ་འགྱུར་ལྡོག་བྱུང་ཡོད་ལ། གཞུང་གི་ཉིན་རེའི་འཛིན་སྐྱོང་གི་ལས་དོན་ཡང་ྋགོང་ས་མཆོག་གིས་གཙོ་འགན་བཞེས་པ་ ནས། ད་ཆ་མི་མང་གིས་འོས་འདེམས་བྱས་པའི་བཀའ་བློན་ཁྲི་པས་གཙོ་འགན་འཁུར་པའི་བར་དུ་ འགྱུར་ལྡོག་ཕྱིན་ཡོད། ལོ་ རྒྱུས་ཀྱི་འཁོར་ལོ་མདུན་ཕྱོགས་སུ་བགྲོད་པའི་མངོན་ཚུལ་ལས། བདེན་གཏམ་ནི་ཉི་མ་ཤར་བ་ལྟར་སུས་ཀྱང་འགོག་ཐུབ་ཀྱི་མེད།

དཔེར་ན། དེ་སྔ་བོད་ནང་སྒེར་ཟུར་ཁང་གི་གཡོག་པོ་དབང་འདུས་རྡོ་རྗེ་ལྟ་བུ་བོད་ཀྱི་སྤྱི་ ཚོགས་རྙིང་པའི་ནང་གཡོག་པོ་ཡིན་ཀྱང༌། ཁོང་བཙན་བྱོལ་དུ་ཕེབས་རྗེས་དབང་གྲགས་ལྡན་པའི་བཀའ་བློན་ཁྲི་པའི་གོ་གནས་ལ་ སླེབས་པ་སོགས་གནམ་ས་བླ་འོག་ཏུ་འགྱུར་བའི་འཕོ་འགྱུར་བྱུང་ཡོད།དེ་ནི་བོད་ལ་ བཙན་འཛུལ་མ་བྱས་པའི་ཡར་སྔོན་དུ། “ ཨ་མའི་བུ་ལ་ཡོན་ཏན་ཡོད་ན། དགའ་ལྡན་ཁྲི་ལ་བདག་པོ་མེད ”ཅེས་ པའི་ཐོབ་ཐང་དེར་སྔར་བས་གསལ་ཁ་གཏོད་ཡོདམ་ཟད་གོང་དུ་གཞུང་གི་ཆབ་སྲིད་ལམ་ལུགས་ ཀྱི་གནས་ཚུལ་ལ་སྐྱོན་བརྗོད་བྱེད་མཁན་གྱི་རྩོམ་པ་པོ་འཛིན་བཟུང་བྱེད་མཁན་མེད་ ལ་བཀག་ཉར་དང༌། འདྲི་རྩད་བྱེད་མཁན་དེ་བས་ཀྱང་མེད། < < རང་ བཙན་དུས་དེབ > > ་ ཀྱང་སྔར་བཞིན་ཀློག་པོའི་སྤྱན་ལམ་དུ་འཆར་བཞིན་ཡོད་ལ། རྩོམ་པ་པོ་ཡང་སྔར་བཞིན་གཞི་རྒྱ་ཆེ་བའི་རང་དབང་གི་ཁོར་ཡུག་ལ་ལོངས་སུ་སྤྱད་ དེ་རྩོམ་ཡིག་འདྲ་མིན་འབྲི་བཞིན་ཡོད།

ཡིན་ནའང༌། རྒྱ་ནག་ལ་ཆ་མཚོན་ནས་བཤད་ན་སྔར་བཞིན་འགྱུར་མེད་རང་སོར་གནས་ཡོད་པ་སྟེ། དེ་རིང་མི་ཞིག་གིས་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ལ་སྐྱོན་བརྗོད་ཀྱི་རྩོམ་ཡིག་ གམ་ཡང་ན། ཟུར་ཟའི་རི་མོ་སོགས་གང་རུང་ཞིག་དུས་དེབ་དང་ཚགས་པར་སོགས་ཀྱི་སྟེང་དུ་བཏོན་ ཚེ། ཁོང་ལ་ཐོབ་པའི་མཇུག་འབྲས་ནི་འཛིན་བཟུང་བྱ་རྒྱུ་དེ་རེད་ལ། སྡུག་ཉེས་ན་སྲོག་ཁྲིམས་ཀྱང་ཕོག་སྲིད་པ་རེད། ཉིན་ཤས་གོང་རྒྱ་ ནག་ནང་གི་ཤེས་ཡོན་ཅན་དང༌། རྩོམ་པོ། གསར་འགོད་པ། ཁྲིམས་རྩོད་པ་སོགས་མི་གྲངས་ ༣༠༠ ལྷག་ཙམ་གྱིས “༢༠༠༨ ལོའི་ཁྲིམས་ལུགས་རྩ་འཛིན ”ཞེས་ པའི་སྙན་ཞུའི་རྩོམ་ཡིག་ཅིག་རྒྱ་ནག་དབུས་གཞུང་ལ་གོང་ཕུལ་ཞུས་ཏེ། མང་གཙོ་དང་རང་དབང་ལ་རེ་སྒུག་བྱེད་བཞིན་ཡོད་པའི་རྒྱ་ནག་མི་མང་གི་མངོན་འདོད་ འགྲེལ་བརྗོད་བྱས་པར་བརྟེན། རྒྱ་ནག་གཞུང་གིས་ཁོང་ཚོའི་འགྲེལ་བརྗོད་ལ་དྲང་ཕྱོགས་ཀྱི་བརྡ་ལན་སྤྲོད་རྒྱུ་ ལས་ལྡོག་སྟེ། དེ་མ་ཉིད་དུ་ཐོག་མར་མིང་རྟགས་འགོད་མཁན་གྱི་གྲས་ཡིན་པའི་གྲགས་ཅན་རྩོམ་པ་པོ་ སྐུ་ཞབས་ལིའུ་ཞའོ་པོའོ་འཕྲལ་དུ་འཛིན་བཟུང་བྱས་པ་དང༌། དེ་མིན་པེ་ཅིང་དང༌། ཧྲང་ཧའེ། ཐན་ཅིང༌། ནན་ཅིང་སོགས་ས་གནས་གང་སར་ཡོད་པའི་མིང་རྟགས་རྒྱག་མཁན་གྱི་མི་སྣ་མང་པོ་ཞིག་ལ་ འཇིགས་སྐུལ་བྱེད་པ་དང༌། ལྐོག་ཉན་རྒྱག་པ། རྗེས་དེད་གཏོང་བ་སོགས་གཏུམ་སྤྱོད་ཀྱི་བྱ་ཐབས་ལག་བསྟར་བྱས་པ་མ་ཟད། སྤྱི་ཚོགས་ལས་རིགས་ཁག་གི་ནང་དུའང་རྩ་འཛིན་དེའི་ཐོག་མིང་རྟགས་འགོད་མི་ཆོག་ པའི་འཇིགས་སྐུལ་བྱས་ཡོད།

བྱེད་སྟངས་དེ་དག་ནི་ངེས་པ་དོན་གྱི་མིའི་ཐོབ་ཐང་ལ་བཙན་འཕྲོག་བྱེད་མཁན་གྱི་ བྱེད་གཏེ་ངོ་མ་དེ་ཡིན་པས་མང་གཙོའི་གྲིབ་ནག་ཙམ་ཡང་མཐོང་རྒྱུ་མེད། ཡེ་ རྡོར་གྱི་རྩོམ་འཆལ་ནང་འཁོད་པའི་གནད་དོན་གཅིག་ནི། ཡབ་གཞིས་སྐུ་འཁོར་གྱི་གནས་བབ་སྐོར་ལ་རྩལ་བཏོན་བྱས་ཏེ་བཙན་བོད་གཞུང་འདི་ སྲིད་དབང་སྒེར་གཅོད་ཡིན་པའི་སྒྲུབ་བྱེད་བཀོད་ཡོད། ཡིན་ནའང༌། གནད་དོན་དེའི་ཐད་ཡེ་རྡོར་གྱིས་སྔ་ཕྱིའི་གནས་ཚུལ་དང་ལོ་རྒྱུས་ཀྱི་རྒྱབ་ ལྗོངས་མ་ཤེས་པར་བརྟེན། པག་ཁ་ནས་མ་ཟས་པར་ལྟག་ཁུང་ནས་བཟའ་རྩིས་བྱས་ཡོད། དོན་དངོས་ཐོག་གནས་ཚུལ་ངོ་མ་འདི་ལྟ་སྟེ། ྋགོང་ས་མཆོག་གིས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་སྐུ་དབང་བཞེས་པའི་དུས་སྐབས་དེ་ ནི་རྒྱ་གཞུང་གིས་བོད་ལ་བཙན་འཛུལ་བྱེད་པའི་དུས་སྐབས་དམིགས་བསལ་ཅན་ཞིག་དང་ སྐབས་འཁེལ་ཡོད་པ་དང༌། དེའི་དབང་གིས་གང་གི་སྐུ་འཁོར་ཚོས་གནད་དོན་མང་པོ་ཞིག་ལ་གཡས་གཞོག་གཡོན་འདེགས་ གནང་དགོས་ཀྱི་ཡོད། ཕྱོགས་ གཞན་ཞིག་ནས་རྙོག་འཛིང་ཆེ་བའི་ལོ་རྒྱུས་ཀྱི་དུས་སྐབས་ནང་སྐུ་འཁོར་ལ་ལར་སློབ་ སྦྱོང་བྱེད་པའི་གོ་སྐབས་དང་དུས་སྐབས་དམིགས་བསལ་ཞིག་བྱུང་བར་བརྟེན། མཐར་རྒྱ་དམར་གྱིས་བོད་ཡོངས་སུ་དམར་པོའི་ལམ་ལུགས་བཙན་འགེལ་བྱས་ཏེ། ྋགོང་ས་མཆོག་རྒྱ་གར་དུ་ཕེབས་དགོས་བྱུང་བ་དང༌། བཙན་བྱོལ་བོད་མི་རྣམས་ལ་དཀའ་ཚེགས་ཆེ་བའི་དུས་སྐབས་དེའི་ནང༌། དེང་རབས་ཀྱི་ཤེས་ཡོན་དང་སློབ་གསོ་ཐོབ་པའི་མི་སྣ་དགོས་མཁོ་ཧ་ཅང་ཆེན་པོ་ཡོད་ སྟབས། གཉན་འཕྲང་ཅན་གྱི་དུས་སྐབས་དེའི་ནང་ཁོང་རྣམས་ཀྱིས་བཙན་བྱོལ་བོད་མིའི་སྤྱི་ ཚོགས་གསར་འཛུགས་ཀྱི་ཆེད་དུ་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་པས། དེ་དང་སྲིད་དབང་སྒེར་གཅོད་གཉིས་ཀྱི་དབར་ལ་རྩ་དོན་ཐོག་ནས་རྦད་དེ་ཐ་དད་རེད།

གཉིས་པ། ཀུན་ཁྱབ་ཀྱི་མང་གཙོ་དང་གཞི་རིམ་གྱི་ཐོབ་ཐང༌།

རྩོམ་འཆལ་གྱི་དོན་ཚན་གསུམ་ པའི་ནང་བཙན་བྱོལ་བོད་གཞུང་གིས་རང་ཉིད་ཀྱི་ལྟ་ཚུལ་དང་མི་མཐུན་པའི་མི་རྣམས་ལ་ གནོད་འཚེ་བཏང་བའི་སྐོར་འཁོད་ཡོད།

སྤྱི་ ཚོགས་གང་འདྲ་ཞིག་ཡིན་རུང་བསམ་ཚུལ་དང་ལྟ་ཚུལ་མི་མཐུན་པའི་གནས་ཚུལ་ཡོང་སྲིད་ པ་ལྟར། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ནང་དུའང་དེ་དང་དེ་ལྟ་བུའི་བསམ་ཚུལ་དང་ལྟ་ ཚུལ་སྣ་མང་ཡོད་ཅིང༌། བོད་ཀྱི་ཕྱིས་འབྱུང་གི་ལས་དབང་ཐག་གཅོད་བྱེད་ཕྱོགས་ཀྱི་ཐད་ལའང་ལྟ་ཚུལ་མི་ འདྲ་བ་སྣ་ཚོགས་ཡོད་པ་སྟེ། ྋགོང་ས་མཆོག་དང་བོད་གཞུང་གིས་མཐའ་གཅིག་ཏུ་དབུ་མའི་ལམ་གྱི་འཇུག་ངོགས་ལ་ བརྟེན་ནས། བོད་ལ་ཚད་ལྡན་མི་རིགས་ས་གནས་ཀྱི་རང་སྐྱོང་ཡོང་རྒྱུར་རྩོད་ལེན་གནང་གི་ཡོད་པ་ དང༌། གཞོན་ནུ་ལྷན་ཚོགས་ལྟ་བུའི་མཐའ་གཅིག་ཏུ་རང་བཙན་དོན་རྩོད་ལེན་བྱེད་པ། དེ་བཞིན་འགའ་ཞིག་རང་ཐག་རང་གཅོད་དང༌། རྒྱལ་ཕྲན་མཉམ་འབྲེལ་ལམ་ལུགས་སོགས་ཀྱི་ལྟ་ཚུལ་ཡང་འདོན་བཞིན་ཡོད། ཡིན་ ནའང༌། ལྟ་ཚུལ་མི་འདྲ་བ་ལས་བྱུང་བའི་གནས་ཚུལ་དེ་རིགས་ལ་བརྟེན་ནས། ྋགོང་ས་མཆོག་དང་བོད་གཞུང་གིས་ཁོང་ཚོའི་ལུས་སྲོག་དང༌། མཁར་དབང་རྒྱུ་ནོར་ལ་གནོད་འཚེ་གཏོང་རྒྱུ་ལྟ་ཅི། ཐ་ན། རྣམ་འགྱུར་ངན་པ་ཙམ་ཞིག་ཀྱང་སྟོན་མྱོང་མེད་པ་དེ་ནི་བཙན་བྱོལ་བོད་མིའི་གནས་ སྟངས་ཀྱི་ཐོག་ནས་ར་སྤྲོད་བྱས་ཡོད། ཡེ་རྡོར་གྱི་རྩོམ་འཆལ་ནང་འཁོད་པའི་མི་དེ་དག་ལ་བོད་གཞུང་དང་ཡང་ན་འབྲེལ་ཡོད་ མི་སྣས་ལྐོག་གསོད་གཏོང་རྒྱུ་ལྟ་ཅི། དེ་ལྟ་བུའི་བསམ་ཚུལ་དང་འཆར་སྣང་ཡོད་པའི་ཁུངས་བཙན་གྱི་དཔང་རྟགས་གཅིག་ཀྱང་ སྟོན་རྒྱུ་མེད་པ་མ་ཟད། ལི་ཐང་ཨ་ཐར་ལྟ་བུའི་ངོས་ནས་བཤད་ན་ཁོང་ནི་མི་ཀུན་དང་འདྲ་བར་རྒྱུན་གཏན་གྱི་ ནད་གཞིས་རྐྱེན་པས་འཆི་ལམ་དུ་སོང་བ་ཞིག་ཡིན་པ། ཁོང་གི་བཟའ་ཟླས་དཔང་རྟགས་གསལ་པོ་བྱེད་ཀྱིན་ཡོད་པ་མ་ཟད། འབྲེལ་ཡོད་རྒྱ་གར་སྨན་ཁང་གི་ནད་རྐྱེན་དང་འབྲེལ་བའི་གློག་དཔར་དང་ཡིག་ཆ་ཚང་མ་ ནང་མིའི་ལག་ཏུ་ཡོད། སྲུང་མ་བསྟེན་ ཕྱོགས་ཀྱི་གནད་དོན་དེའི་ཐད་ྋགོང་ས་མཆོག་གིས་སྔ་ཕྱི་རིམ་པར་བཀའ་སློབ་ཟབ་གསལ་ བསྩལ་ཏེ། ཁ་ཆེ་ཕ་ལུའི་སྙིང་གཏམ་བཤད་ཡོད་དོ།

ཉན་དང་མི་ཉན་རང་རང་སོ་སོ་རེད་ཅེས་དོལ་རྒྱལ་བསྟེན་ན་དགེ་མཚན་ཅི་འདྲ་ཡོད་པ་ དང༌། སྐྱོན་ཆ་ཅི་འདྲ་ཡོད་པ། དགེ་སྐྱོན་དེ་གཉིས་ ཕྱོགས་བསྡོམས་བྱས་ཚེ་ཕན་གནོད་གང་ཆེ་བ་སོགས་ལ་ལམ་སྟོན་གནང་ཡོད་པས། རྒྱལ་ཁབ་ཀྱི་དབུ་ཁྲིད་དང་ཆོས་ལུགས་ཀྱི་གཙོ་འཛིན་ཞིག་གི་ངོས་ ནས་བཤད་ན། རང་ གི་མི་མང་གི་བདེ་སྡུག་དང༌། དྭངས་གཙང་ཁྱད་འཕགས་ཀྱི་བསྟན་པ་དར་ཐབས་ཀྱི་དོན་དུ་ལམ་སྟོན་གནང་རྒྱུ་དེ་ནི་ ཁོང་གི་གཡོལ་ཐབས་མེད་པའི་འགན་འཁྲི་དང༌། དོར་ཐབས་མེད་པའི་ལོ་རྒྱུས་ཀྱི་ལས་འགན་ཡིན་ཞིང༌། འགྱུར་ ལྡོག་འདི་དག་གི་ནང་མཐར་མང་གཙོའི་ལམ་ལུགས་ལྟར་ཚུལ་ཤིང་བཀྲམས་ནས་ལམ་བུ་གང་ ཞིག་ཏུ་འགྲོ་མིན་གང་ཟག་རང་ཉིད་ལ་ཐག་གཅོད་བྱེད་པའི་དབང་ཆ་ཡོངས་རྫོགས་སྤྲད་ ཡོད། བྱ་ཐབས་དེ་རིགས་ནི་སྟོན་པ་བཅོམ་ལྡན་འདས་སྐུ་འཚོ་བཞུགས་སྐབས་ནས་བཟུང༌། གཏན་འབེབས་ཚད་འཇལ་གནང་བའི་དམ་ཆོས་འདུལ་བའི་འགྲོ་ལུགས་ངོ་མ་ཞིག་རེད། དེ་ ལྟ་བུའི་ཚད་མཐོའི་རང་དབང་དང་འདམ་ག་བྱེད་པའི་ཐོབ་ཐང་ལ་སྙད་འདོགས་ཀྱི་བཙན་ ཤེད་ཁྲིམས་འགལ་ལ་འུད་སྒྲོག་བྱེད་ཀྱི་ཡོད་ན། རང་ལ་འདམ་བྱ་འདེམ་བྱེད་ཀྱི་དབང་ཆ་དང༌། རང་དབང་གང་ཡང་མེད་པར་དབང་འཛིན་པས་རྒྱུག་པ་ལེབ་རྡུང་གིས་ཐག་གཅོད་བྱེད་པའི་ གུང་ཁྲན་ཏང་གི་བྱ་སྤྱོད་དེར་འཛམ་གླིང་མི་མང་ཚང་མས་འཕྲེད་དར་འཕྱར་ནས་ཉིན་ ལྟར་ཁྲོམ་སྐོར་བྱེད་དགོས་པ་མ་ཡིན་ནམ། བོད་ནང་རྒྱ་ གཞུང་གིས་སྤེལ་བཞིན་པའི“ རྒྱལ་གཅེས་ཆོས་གཅེས ”ཞེས་ པའི་ལས་འགུལ་མཐའ་དག་ལ་འདམ་བྱ་འདེམ་བྱེད་ཀྱི་དབང་ཆ་དང་རང་དབང་གང་ཡང་མེད་པར། གོང་རིམ་དབང་འཛིན་པས་ཚང་མ་བརྒྱ་ཁ་གཅིག་གཅོད་བྱེད་ཀྱི་ཡོད་པས། ལམ་ལུགས་དེར་སྲིད་དབང་སྒེར་གཅོད་པ་དང༌། མིའི་ཐོབ་ཐང་ལ་བཙན་འཕྲོག་བྱེད་མཁན་གྱི་དམ་སྲི་ཞེས་མ་འབོད་ན་འོ་ན་གང་འདྲ་ བརྗོད་དགོས་སམ། རང་ ཉིད་དང་ལྟ་ཚུལ་མི་མཐུན་པའི་སྟེང་བཙན་གནོན་བྱེད་མཁན་ངོ་མ་ནི་དེ་ལྟར་བཤད་མཁན་ གྱི་རྒྱ་གཞུང་རང་ཉིད་ཡིན་ཏེ། རིག་གནས་གསར་བརྗེའི་སྐབས་མི་གྲངས་ ༤༢༠༠༠༠༠ ལྷག་ཙམ་ཞིག་ལ་བཀག་ཉར་དྲི་རྩད་བྱས་པ་དང༌། མི་གྲངས་ ༡༧༢༨༠༠༠ ལྷག་ཙམ་རྐྱེན་འདས་སུ་བཏངས་བ། མི་གྲངས་ ༡༣༥༠༠༠༠ ལྷག་ཙམ་ཞིག་ལ་གསར་བརྗེར་ངོ་རྒོལ་གྱི་ཉེས་མིང་བཀལ་ནས་སྲོག་ཐོག་གི་ཉེས་ཆད་ བཅད་པ། མི་གྲངས་ ༢༣༧༠༠༠ དྲག་པོའི་འཐབ་རྩོད་ཀྱི་འོག་ནས་ཚེ་སྲོག་ཤོར་བ། མི་གྲངས་ ༧༠༣༠༠༠༠ ལྷག་ཙམ་ལ་དྲག་པོའི་རྡུང་རྡེག་འོག་ནས་དབང་པོ་སྐྱོན་ཅན་བཟོས་པ། དུད་ཁྱིམ་གྲངས་ ༧༡༢༠༠ ལྷག་ཙམ་རྩ་མེད་དུ་བཏངས་ཡོད།

ད་ དུང་དུས་སྐབས་བཟང་ཤོས་ཡིན་པར་ངོས་འཛིན་བྱེད་པའི་སྐབས་ཀྱི་དྲུག་བཞིའི་མང་ གཙོའི་ལས་འགུལ་ནང་ན་གཞོན་ཤེས་ཡོན་ཅན་མི་གྲངས་ ༥༠༠ ལྷག་ཙམ་དམར་གསོད་བཏང་བ། མི་གྲངས་ ༡༢༠༠ ལྷག་ཙམ་ལ་རྨས་སྐྱོན་བཏང་བ། ལོ་རབས་དགུ་བཅུ་པའི་ནང་ཆོས་སྐོར་སྒོམ་སྒྲུབ་ཀྱི་ཐོག་ལ་དྲག་གནོན་བྱས་ཏེ་མི་ གྲངས་ ༧༠༠ ལྷག་ཙམ་བཙོན་ཁང་དུ་བཅུག་པ། དེ་མཚུངས། བོད་དང༌། ཤར་ཀྲི་ཀི་སུ་ཐན། ཤིང་ཅང ནང་སོག་སོགས་གྲངས་ཉུང་མི་རིགས་ཀྱི་མངའ་ཁུལ་ཁག་གི་ནང་དུ་འགྲོ་བ་མིའི་ཐོབ་ཐང་ དང༌། ཆོས་དད་རང་དབང༌། གཏམ་བརྗོད་རང་དབང་སོགས་ལ་རྩོད་ལེན་བྱེད་མཁན་ཚང་མ་དྲག་གནོན་བྱས་ཏེ་ཆད་པ་ གཅོད་ཀྱིན་ཡོད། ཡོད་ཚད་འབྱོར་མེད་གྲལ་རིམ་གྱི་ཁེ་ཕན་ལ་འུད་སྒྲོག་བྱས་ཏེ། དོན་དངོས་སུ་དཔོན་རིགས་རུ་ཚོགས་ཀྱི་སྒེར་དོན་གཅིག་པུར་འཐབ་རྩོད་བྱེད་བཞིན་ པའི་གུང་ཁྲན་ཏང་གི་བྱ་སྤྱོད་དེ་རིགས་ནི། ངོ་མ་ལུག་མགོ་བཀལ་ནས་ཁྱི་ཤ་འཚོང་མཁན་གྱི་བྱེད་སྟངས་ཤིག་རང་རེད།

ྋགོང་ ས་མཆོག་གིས་བཙན་བྱོལ་སྤྱི་ཚོགས་ནང་གསར་འཛུགས་གནང་བའི་མང་གཙོའི་ལམ་ལུགས་དང༌། རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་པའི་སྲིད་དབང་སྒེར་གཅོད་གཉིས་ཀྱི་དབར་ ལ་ཕན་ཚུན་བསྡུར་ཐབས་མེད་པའི་གནས་ཚུལ་འོག མཐར་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཐོག་བོད་ཀྱི་སྤྱི་ཚོགས་རྙིང་པར་སྐྱོན་ བརྗོད་བྱས་ཏེ་རང་ཉིད་དག་སེལ་བྱེད་ཀྱིན་ཡོད། འོན་ཀྱང༌། སྒོ་བཀག་རང་སྲུང་ཡིན་པའི་མུན་ནག་གི་སྤྱི་ཚོགས་ཤིག་ནང་དེ་ལྟར་བྱས་ཏེ་གནས་ སྐབས་ཁུངས་འཁྱོལ་སྲིད་ཀྱང༌། ཡར་ཐོན་ཅན་གྱི་སྒོ་དབྱེའི་སྤྱི་ཚོགས་ཀྱི་ནང་དེ་ལྟར་བྱས་ན་ཁུངས་འཁྱོལ་ཐབས་ གཏན་ནས་མེད། དཔེར་ ན། དེ་སྔ་རྒྱ་ནག་གི་སྲིད་བློན་ཀྲུའུ་རུང་ཅི་ཡོ་རོབ་ཏུ་འཚམས་འདྲིར་བསྐྱོད་དེ་ ཡུལ་དེའི་སྲིད་བློན་དང་ཕན་ཚུན་མཇལ་འཕྲད་བྱེད་པའི་སྐབས། སྲིད་བློན་ཁོང་གིས་ཡོ་རོབ་མངའ་ཁུལ་དང་རྒྱ་ནག་དབར་གྱི་ཚོང་འབྲེལ་སྐོར་མ་ གླེང་བར། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་མེད་པའི་སྐོར་གླེང་སློང་ གནང་བར་བརྟེན། སྲིད་བློན་ཀྲའུ་རུང་ཅིས་སྔ་ས་ནས་གྲ་སྒྲིག་བྱས་པའི་སྐད་ཆའི་གོ་རིམ་འཁྲུག་པ་ དང༌། ཡོ་རོབ་སྲིད་བློན་གྱི་མདུན་དུ་ཚ་གེ་ཚི་གེ་ཆགས་པའི་མཐར་ངོ་གདོང་སྐྱུར་མོ་ ཞིག་བསྟན་ནས། “བོད་ཀྱི་སྤྱི་ཚོགས་རྙིང་པ་ཆེས་མུན་ནག་ཡིན་པས་ དེ་དང་བསྡུར་ན་ད་ལྟ་བོད་ནང་ཡར་རྒྱས་ཆེན་པོ་ཕྱིན་ཡོད”ཅེས་གཡོལ་ ཐབས་བྱས་ཡོད་ཀྱང༌། ཡུལ་དེའི་སྲིད་བློན་མཆོག་ནས་སྐུ་ཞབས་ཀྲུའུ་རུང་ཅི་ལ་ཁ་ཕྱོགས་ནས“ འདས་ པའི་ལོ་རྒྱུས་ནང་བོད་མི་ཙམ་མ་ཟད། ང་ཚོ་ཡོ་རོབ་མི་དམངས་ཀྱིས་ཀྱང་དཀའ་སྡུག་མང་པོ་མྱངས་ཡོད་པས། དེ་དང་ད་ལྟའི་དུས་སྐབས་གཉིས་ཉ་ཉུང་མཉམ་བསྲེས་བྱས་ན་ག་ལ་འགྲིག”ཅེས་ ཕར་རྒོལ་བྱས་པར་བརྟེན། ཀྲུའུ་རུང་ཅི་ཡུད་ཙམ་ཞིག་གི་རིང་ཅི་ཡང་བཤད་རྒྱུ་མེད་པར་ལུས། རྒྱ་ ནག་གི་དབང་འཛིན་པ་ཞིག་ཕྱི་རྒྱལ་དུ་འཚམས་འདྲིར་བསྐྱོད་པའི་སྐབས། དེ་དང་དེ་ལྟ་བུའི་མི་རྣམས་གད་མོ་ཤོར་བའི་གནས་ཚུལ་བྱུང་བ་ཉུང་ཉུང་ཞིག་ག་ལ་ ཡིན། ཅང་ཙེ་མིན་དང༌། ལི་ཧཕང༌། ཧུའུ་ཅིན་ཐའོ། ཝན་ཅ་པའོ་སོགས་སུ་དང་སུ་ཞིག་འཚམས་འདྲིར་བསྐྱོད་ཀྱང་གཡས་གཡོན་དང་རྒྱབ་མདུན་ གང་སར་བོད་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་པ། ཡུ་གུར་དང་ནང་སོག་རང་བཙན་རྩོད་ལེན་པ། རྒྱ་ནག་གི་དམངས་གཙོ་དོན་གཉེར་བ། ཆོས་འཁོར་སྒོམ་སྒྲུབ་ཚོགས་པ། ཐེ་ཝན་རང་བཙན་དོན་གཉེར་བྱེད་མཁན་སོགས་ཀྱིས་ངོ་རྒོལ་དང་རྗེས་དེད་བཏང་ནས། མགྲོན་བདག་རྒྱལ་ཁབ་ལའང་མིང་ཆད་ཕོག་སྟེ་མཚན་སྙན་རྫོབ་ཀྱི་ཡོད་པས། རྒྱལ་ ཁབ་མང་པོ་ཞིག་གིས་རྒྱ་ནག་གི་དབང་འཛིན་པ་རང་གི་རྒྱལ་ནང་དུ་འཚམས་འདྲིར་གདན་ ཞུ་བྱ་རྒྱུའི་དུས་ཚོད་སླེབས་སྐབས་འཚེར་སྣང་ཆེན་པོ་བྱེད་པ་དང༌། ཆེས་མཐོའི་མི་སྣ་འགའ་ཞིག་གིས་ཁོང་ཚོ་ཐུག་འཕྲད་བྱ་རྒྱུར་ཆེད་མངགས་གཡོལ་ཐབས་ བྱས་ཏེ་དགོངས་ཞུ་བྱེད་པ་དང༌། ཡང་ན་ཐུག་འཕྲད་བྱས་ཀྱང་ལག་པ་མི་གཏོང་བ་དང་སྐད་ཆ་མ་བཤད་པར་སྡོད་ཀྱི་ཡོད།

དེར་ བརྟེན། རྒྱ་ནག་གི་དཔོན་རིགས་ཚོའི་འཚམས་འདྲིའི་བྱེད་སྒོ་ཐམས་ཅད་རྒྱལ་ཁབ་གཞན་དག་གི་ ཆེས་མཐོའི་དབུ་ཁྲིད་དང་བསྡུར་ན་སྟབས་བདེ་ཅན་དང༌། གསང་བ་ཅན། འཚབ་འཚུབ་ཅན་ཤ་སྟག་ཡིན་པ་དང༌། ཧ་རེ་ཧུ་རེའི་ངང་ནས་མཇུག་བསྒྲིལ་གྱི་ཡོད་པར་བརྟེན། རྒྱལ་སྤྱིའི་ཐོག་སྐད་གྲགས་ལྡན་པའི་བརྙན་འཕྲིན་དང༌། ཚགས་པར། དུས་དེབ་སོགས་ཀྱི་སྟེང་དུ་ཁོང་ཚོའི་ཉིན་རེའི་ལས་རིམ་གྱི་གནས་ཚུལ་མ་བཀོད་པར་ དེ་ལས་ལྡོག་སྟེ། ཁོང་ཚོར་ངོ་རྒོལ་བྱེད་མཁན་གྱི་གནས་ཚུལ་ནི་རི་གཟར་ངོས་ཀྱི་རྦབ་རྡོ་དང༌། ལུང་པའི་མཐིལ་གྱི་ཆུ་ལོག་རྒྱས་པ་ལྟར་བཀོད་ཡོང་གི་ཡོད་པས། དེ་ལྟ་བུའི་ངོ་རྒོལ་གྱི་ཡོ་ལངས་ནི་མིའི་རིགས་ཀྱི་ལོ་རྒྱུས་ཐོག་མཐོང་དཀོན་ པའི་ཟིན་ཐོ་གསར་པ་ཞིག་རེད། དེང་ སྐབས་རྒྱ་ནག་ལ་ངོ་རྒོལ་བྱེད་མཁན་གྱི་གནས་ཚུལ་དང༌། རྒྱའི་དབང་སྒྱུར་འོག་གནས་པའི་མི་རྣམས་ཀྱི་སྡུག་བསྔལ་རྣམས་ཕྱོགས་བསྡོམས་བྱས་ ཏེ་དེབ་གཟུགས་སུ་བཀོད་ཚེ། གཞི་རྒྱ་ཆེ་བའི་ཐོག་བརྩེགས་ཁང་ཆེན་ཞིག་སྐྲུན་ཐུབ་ངེས་ཡིན་པས། དེ་ ལྟ་བུའི་སྐྱོན་བརྗོད་དང་ངོ་རྒོལ་ཕོག་མཁན་ནི་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ ཐོག་བྱུང་མྱོང་མེད་པའི་ངོ་རྒོལ་གྱི་ཡོ་ལང་ཆེ་ཤོས་སུ་བགྲང་ཆོག

གསུམ་པ། རྒྱལ་སྤྱིའི་གར་སྟེགས་ཐོག་གི་ཏཱ་ལའི་བླ་མ།

དུས་རབས་ཕྱེད་ཀ་ ལྷག་ཙམ་ཞིག་འདས་ཟིན་པ་བརྒྱུད། ད་ཆ“ ཏཱ་ལའི་བླ་མ ”ཞེས་ པའི་མིང་ཚིག་འདི་འཛམ་གླིང་གི་སྐྱེ་བོ་ཀུན་གྱི་གླེང་གཞིའི་གཙོ་བོར་གྱུར་ཡོད་ ཅིང༌། རྒྱལ་སྤྱིའི་སྤྱི་ཚོགས་དང་འཛམ་གླིང་ཡུལ་གྲུ་ཀུན་ཏུ་ཁོང་ལ་དགའ་བསུ་ཐོབ་པའི་ ཚད་གཞི་ནི། རྒྱལ་ཁབ་དང་ས་ཁུལ་དེ་དག་གི་དཔོན་རིགས་ལས་ཆེ་ཆེར་མང་བ་ཡོད། རང་ཡུལ་གཞན་ལག་ཏུ་ཤོར་བའི་ཡུལ་གྱར་གྱི་ནང་པའི་དགེ་སློང་ཞིག་ལ་དེ་ལྟ་བུའི་ གུས་བཀུར་དང་གདེང་འཇོག་བྱེད་དགོས་པའི་རྒྱུ་རྐྱེན་ལ་བལྟས་ཚེ། མཐར་གཏུགས་ནས་བཤད་ན་རྒྱུ་རྐྱེན་གཉིས་ཡོད་པ་སྟེ། གཅིག་ནི་ཁོང་གིས་རྒྱལ་སྤྱིའི་གར་སྟེགས་ཀྱི་སྟེང་དུ་སྤེལ་བཞིན་པའི་བྱ་བ་ཐམས་ བཅད་བདེན་དོན་ཡིན་པ་དང༌། བདེན་དོན་གྱི་བྱ་གཞག་དེ་དག་སྒྲུབ་པར་བྱེད་པའི་ཐབས་ལམ་ནི་མཐའ་གཅིག་ཏུ་འཚེ་ མེད་ཞི་བ་ཡིན་པས་རེད།

ཚད་ གཞི་དེ་འདྲ་ཞིག་གི་དབང་གིས། ཞི་བདེ་དང་དྲང་བདེན་ལ་རེ་སྒུག་བྱ་མཁན་གྱི་སྐྱེ་བོ་དུང་ཕྱུར་མང་པོའི་ཡིད་ ངོར་ཁོང་ནི་ངེས་པ་དོན་གྱི་ཞི་བདེའི་དེད་དཔོན་དང༌། མིའི་རིགས་ཀྱི་བསམ་པའི་གཙོ་འཛིན་འཁྲུལ་མེད་ཅིག་ཡིན་ཞིང༌། མིའི་རིགས་ཀྱི་ཞི་བདེ་དང༌། དྲང་བདེན། འདྲ་མཉམ་བཅས་ཀྱི་དོན་དུ་ཁོང་གིས་གནང་བའི་ལམ་སྟོན་ནི་རང་དབང་ཆེ་ཤོས་དང༌། བྱམས་བརྩེ་ཆེ་ཤོས། གསུང་ཚིག་རེ་རེ་ནི་བདེན་པ་བདེན་ཐུབ་ཡིན་པ་དང༌། ཚིག་གཅིག་ཁོ་ནས་ཚིག་ཁྲི་ཡི་གོ་ཆོད་པ་སོགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པ། བྱམས་བརྩེའི་འཛུམ་ཞལ་མཇལ་བ་ཙམ་གྱིས་ཡིད་ལ་སྤྲོ་བ་འཕེལ་བ་དང༌། དགོད་སྒྲས་ཁེངས་པའི་གསུང་སྒྲ་ཐོས་པ་ཙམ་གྱིས་སྡུག་བསྔལ་མ་ལུས་སེལ་ཐུབ་པ་ སོགས་ནད་བརྒྱ་འཇོམས་པའི་སྨན་མཆོག་དང་འདྲ་ཞིང༌། འདི་ལྟ་བུའི་འཛམ་གླིང་རང་བཞིན་གྱི་བསམ་པའི་གཙོ་འཛིན་ནི་ང་ཚོའི་དུས་རབས་སུ་ མ་གཏོགས་ཧ་ལམ་བྱུང་མྱོང་མེད་པ་ཞིག་ཡིན། གཞན་ ཞིག་ནི་ཁོང་གི་འགྲན་ཟླ་བྲལ་བའི་བློ་རིག་དང༌། མི་གཤིས་ཚད་འཇོག་བྱེད་པའི་ཀུན་སྤྱོད་ཀྱི་བརྟུལ་ཞུགས་དེ་རང་ཡིན། ཁྱད་འཕགས་རང་བཞིན་གྱི་ཡོན་ཏན་དེ་རིགས་ལ་བརྟེན་ནས། མིའི་རིགས་ཀྱི་ཞི་བདེ་དང༌། རང་དབང༌། འདྲ་མཉམ་བཅས་ཀྱི་རླབས་ཆེན་གྱི་བྱ་བཞག་མངོན་འགྱུར་གྱི་དོན་དུ། ཆོས་ལུགས་དང༌། རིག་གཞུང༌། ཆབ་སྲིད། ཁོར་ཡུག་སོགས་རྣམ་པ་འདྲ་མིན་གྱི་གླེང་སྟེགས་དང༌། ཚོགས་འདུ། མཁས་པའི་བགྲོ་གླེང་སོགས་ཀྱི་སྟེང་དུ་གལ་གནད་ཆེ་བའི་ལམ་སྟོན་དང༌། བཀའ་སློབ་རབ་དང་རིམ་པ་གནང་སྟེ་ཧ་ལམ་དབུགས་ངལ་ཙམ་ཡང་གསོ་བའི་གོ་སྐབས་རག་གི་ མེད། ཁོང་གི་འཛམ་གླིང་ཞི་བདེ་དང་ཀུན་ཁྱབ་སེམས་ཁུར་ལ་སྨན་པའི་ལམ་སྟོན་གྱི་བཀའ་ སློབ་རྣམས་རྒྱལ་ཁབ་ཁག་གི་དཔེ་མཛོད་ཁང་ནང་རིན་ཐང་ཆེ་ཤོས་དང་འགྲོ་རྒྱུག་ཆེ་ ཤོས། ཀློག་པོ་མང་ཤོས། དཔར་འདེབས་མང་ཤོས་བྱ་ཡུལ་གྱི་དཔེ་དེབ་གྱི་གྲས་ཤིག་ཆགས་ཡོད།

དེ་ སྔ་སྤྱི་ལོ་ ༡༩༥༦ ལོར་ྋགོང་ས་མཆོག་རྒྱ་གར་དུ་ཕེབས་པའི་སྐབས་དེར་རྒྱ་གཞུང་གི་དམག་སྤྱི་ཧཱི་ ལུང་གིས“ སེང་གེ་གངས་ལ་བསྡད་ན་སེང་གེ་དང༌། སེང་གེ་ཀླུང་ལ་བབས་ན་སྒོ་ཁྱི་རེད ”ཅེས་ ྋགོང་ས་མཆོག་རྒྱ་གར་དུ་བཞུགས་ཚེ་སྐུ་ངལ་ཆེན་པོ་འཕྲད་རྒྱུ་ཡིན་པ་དང༌། ཐ་ན་མཚན་སྙན་རྒྱས་རྒྱུ་ལྟ་ཅི་རང་མགོ་ཡང་ཐོན་མི་ཐུབ་པའི་ཉེན་བརྡ་བཏང་ཡོད་ ཀྱང༌། ལོ་ངོ་ལྔ་བཅུའི་ལོ་རྒྱུས་ཀྱི་འཕོ་འགྱུར་ལ་གདེང་འཇོག་བྱེད་པའི་སྐབས། དམག་སྤྱི་ཧཱི་ལུང་གི་སྔོན་དཔག་ལ་ཐོབ་པའི་གྲུབ་འབྲས་ནི་རྦད་དེ་ལྡོག་ཕྱོགས་ སུ་གྱུར་བ་ཞིག་སྟེ། ཁོ་པ་རང་ཉིད་རིག་གནས་གསར་བརྗེའི་དུས་སྐབས་ནང་གྲལ་རིམ་འཐབ་རྩོད་ཀྱི་རྡུང་ རྡེག་ཕོག་ནས་བཙོན་ཁང་ནང་ལྟོགས་ཤི་ཐེབས་ཏེ་འཆི་ལམ་དུ་སོང་བ་རེད། ྋགོང་ ས་མཆོག་ནི་དེ་ལས་ལྡོག་སྟེ་རྒྱལ་སྤྱིའི་ཐོག་མཚན་སྙན་གྱི་གྲགས་པ་རབ་ཏུ་འབར་ ནས་རྒྱལ་ཁབ་དང་ས་གནས་གང་སར་ཁོང་ཉིད་གདན་ཞུ་བྱེད་ཐུབ་ན། རང་གི་རྒྱལ་ཁབ་དང་ས་གནས་དེ་དག་གི་གཟི་བརྗིད་དུ་ངོས་འཛིན་བྱེད་ཀྱི་ཡོད་པ་ དང༌། ཁོང་དང་གྲལ་སྟར་གཅིག་གི་ཐོག་ནས་ཡུད་ཙམ་ཞིག་སྡོད་རྒྱུ་བྱུང་ན་རང་གི་མི་ཚེའི་ ནང་གི་རིན་ཐང་ཆེ་ཤོས་དང༌། དོན་སྙིང་ཆེ་ཤོས། སྙན་གྲགས་ཆེ་ཤོས་བཅས་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅིང༌། འཛམ་གླིང་མི་མང་གིས་ཁོང་ལ་འདི་ལྟ་བུའི་ཚད་མཐོའི་གདེང་འཇོག་ཐོབ་པ་དེས། བཟང་པོའི་ཞོར་ལ་ཇ་ཆང་ཞེས་པའི་དཔེ་ལྟར། ཁོང་གིས་དབུ་ཁྲིད་གནང་བའི་བོད་མི་རིགས་ཀྱི་མཚན་སྙན་གྱི་བདག་དབང་སླར་གསོ་ བྱུང་བ་ཙམ་མ་ཟད། འཛམ་གླིང་ཐོག་གི་མི་འབོར་མང་ཤོས་ཡིན་པའི་རང་རེ་ཨེ་ཤི་ཡའི་གླིང་ཆེན་ཧྲིལ་ པོར་ཡང་གཟི་བརྗིད་ཀྱི་མཚན་སྙན་ཐོབ་ཡོད།

ཉེ་ ལམ་རྒྱལ་སྤྱིའི་གྲགས་ཅན་གྱི་གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་སྤེལ་བར་ གཞིགས་ན། ཨ་མེ་རི་ཁ་དང༌། དབྱིན་ཡུལ། ཕ་རན་སི། ཇར་མན། དབྱི་ཀྲ་ལི། སི་པན་བཅས་རྒྱལ་ཁབ་དྲུག་གི་ནང་རྒྱལ་སྤྱིའི་སྟེང་གི་མཚན་སྙན་ཆེ་ཤོས་ཀྱི་དབུ་ ཁྲིད་སུ་ཞིག་ཡིན་མིན་འདམ་ག་བྱས་པའི་གྲུབ་འབྲས་ནང༌། ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་ཆ་ ༧༨ དང༌། ཇར་མན་གྱི་དབུ་ཁྲིད་ཨན་ཅི་ལ་མལ་ཁེལ་ལ་བརྒྱ་ཆ་ ༥༤ ཐོབ་ཡོད་པ། དབྱིན་ཇིའི་དབུ་ཁྲིད་ཀྲོ་ནིའི་བི་ལི་ལ་བརྒྱ་ཆ་ ༥༡ ཐོབ་ཡོད་པ། ཡི་ཤུའི་བླ་ཆེན་པོབ་ལ་བརྒྱ་ཆ་ ༤༨ ཐོབ་ཡོད་པ། ཕ་རན་སིའི་དབུ་ཁྲིད་ནི་ཀོ་ལ་ས་ཀོ་ཛི་ལ་བརྒྱ་ཆ་ ༤༥ བཅས་ཀྱི་ཁག་སོ་སོའི་གྲུབ་འབྲས་ཀྱི་ཐོག་ནས་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ ནི་སླར་ཡང་ཕུལ་བྱུང་དབུ་ཁྲིད་མི་སྣ་གཅིག་པུ་དེར་འདེམས་ཐོན་བྱུང་ཡོད། དེ་ བཞིན་དུ་རྩོམ་འབྲི་བས་རྩོམ་ཡིག་འདི་འབྲི་བཞིན་པའི་སྐབས་སླར་ཡང་གཏམ་བཟང་གཞན་ ཞིག་ཐོན་བྱུང་བ་སྟེ། ྋགོང་ས་མཆོག་གི་ཕྱག་དེབ < < སྟོང་ལོ་ གསར་པའི་བཟང་སྤྱོད > > ཅེས་ པའི་དཔེ་དེབ་དེ་ཨ་རིའི་མཐོ་རིམ་སློབ་གྲྭའི་བསམ་བློ་ཀུན་སྤྱོད་ཀྱི་སློབ་ གཞིར་གཏན་འཁེལ་ཐག་གཅོད་བྱས་ཡོད་ཅིང༌། སློབ་གྲྭའི་དཔེ་མཛོད་ཁང་གི་འབྲེལ་ཡོད་དབུ་ཁྲིད་ཀྱིས་གསུངས་པར་གཞིགས་ན། ད་ལྟའི་དུས་རབས་འདིར་བཟང་སྤྱོད་ཡར་རྒྱས་གཏོང་རྒྱུ་དེ་ནི་མི་སྒེར་སོ་སོའི་ ཉིན་རེའི་མི་ཚེ་བདེ་སྐྱིད་ཡོང་བར་ཕན་ཐོག་ཡོད་ལ། སྐྱེ་བོ་ཀུན་མཛའ་མཐུན་མཉམ་གནས་ཡོང་རྒྱུར་ཡང་ཕན་ཐོག་ཆེན་པོ་ཡོད།

དེར་བརྟེན། ང་ཚོས་འདི་ལོའི་བརྗོད་གཞིར་བཟང་སྤྱོད་ཀྱི་སློབ་གཞི་འདམ་ག་བྱས་པ་ཡིན་ལ། བཟང་སྤྱོད་དང་འབྲེལ་བའི་དཔེ་དེབ་ལེགས་ཤོས་ནི་ཏཱ་ལའི་བླ་མ་མཆོག་གིས་བརྩམས་ གནང་བའི་དཔེ་དེབ་ལས་ལྷག་པ་ཞིག་འཛམ་གླིང་ནང་མི་འདུག་ཅེས་ཚིག་ཐག་ཆོད་པོས་ གསུངས་ཡོད། མདོར་ ན། ྋགོང་ས་མཆོག་ནི་བོད་མི་རིགས་ཀྱི་སྔོན་ཐོན་གྱི་བསམ་བློ་དང་སྔོན་ཐོན་རིག་གནས་ ཀྱི་སྐུ་ཚབ་ཡིན་ལ། སྔོན་ཐོན་ལོ་རྒྱུས་ཀྱི་དཔང་པོ་དང་གསར་སྐྲུན་སྙིང་སྟོབས་ཀྱི་དཔང་པོ་ཡང་ཡིན་ ཞིང༌། བོད་འབངས་སྡུག་བསྔལ་ལས་སྐྱོབས་པའི་ལོ་རྒྱུས་ཀྱི་ལས་འགན་རླབས་ཆེན་དེ་གང་ཉིད་ ཀྱིས་ཕྱགས་བཞེས་གནང་བར་བརྟེན། བོད་འབངས་སེར་སྐྱ་ཡོངས་ནས་ཁོང་ལ་མི་ཕྱེད་པའི་དད་གུས་དང་ཡིད་ཆེས་ཐོབ་པ་མ་ཟད། བོད་ཀྱི་ལོ་རྒྱུས་དེབ་ཐེར་ནང་གི་བླ་ན་མེད་པའི་སྲོག་ཤིང་དབུ་ཁྲིད་ཅིག་ཏུ་ གྱུར་ཡོད། མགོན་པོ་གང་ཉིད་ཀྱིས་མིའི་རིགས་ཀྱི་ཞི་བདེ་དང༌། རང་དབང༌། མང་གཙོ་བཅས་ཀྱི་དོན་དུ་འབད་ཐབས་གནང་བའི་རླབས་ཆེན་གྱི་མཛད་རྗེས་དག་ཀྱང༌། འཛམ་གླིང་ལོ་རྒྱུས་དེབ་ཐེར་ནང་དུ་གསེར་གྱི་འབུར་ཡིག་ཏུ་འཁོད་ངེས་ཡིན་པ། ང་ཚོར་ཡིད་ཆེས་ཀྱིས་ཁེངས་བཞིན་ཡོད་ལ། གང་ཉིད་ཀྱིས་སྐུ་ཚེ་ཧྲིལ་པོར་འབད་ཐབས་གནང་བཞིན་པའི་འཚེ་མེད་ཞི་བའི་རླབས་ ཆེན་གྱི་དར་ཆ་དེའང༌། ཇི་སྲིད་བར་དུ་འཛམ་གླིང་ས་གཞི་ཆེན་པོར་ལྷབ་ལྷུབ་ཏུ་གཡོ་ངེས་ཡིན་པར་ཡིད་ཆེས་ ཀྱིས་ཁེངས་བཞིན་ཡོད།

མཚམས་ འདིར། ཁོ་བོས་འཛམ་གླིང་གྲགས་ཅན་མི་སྣ་ཚོས་ྋགོང་ས་མཆོག་གི་རླབས་ཆེན་གྱི་མཛད་འཕྲིན་ དང༌། ལྷད་མེད་པའི་མི་གཤིས། དྭངས་གཙང་གི་ཀུན་སྤྱོད། རྩེར་སོན་གྱི་བློ་རིག བདེན་དོན་གྱི་སྙིང་སྟོབས་དང་ཀུན་ཁྱབ་ཀྱི་སེམས་འཁུར་བཅས་པར། ལོ་རྒྱུས་རང་བཞིན་གྱི་གདེང་འཇོག་དང༌། ཟིན་ཐོ་རང་བཞིན་གྱི་དཔྱད་པ་བརྗོད་པའི་གྲགས་ཅན་གྱི་སྡོམ་ཚིག་ཁ་ཤས་ལུང་འདྲེན་ བྱས་ཏེ་རྩོམ་ཡིག་དེའི་མཇུག་བསྡུས་པ་ཡིན། དེ་ ཡང་ནོར་ཝེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་དང༌། ཇེའུ་མི་རིགས་ཀྱི་གྲགས་ཅན་མི་སྣ་སྐུ་ཞབས་ཨེ་ལི་ཝི་སལ་གྱིས། ྋགོང་ས་ཏཱ་ལའི་བླ་མ་མཆོག་ནི་བློ་གྲོས་ཕ་མཐར་སོན་ཞིང༌། དམན་ལ་ལྷག་པར་བརྩེ་བའི་བརྟུལ་ཞུགས་ཀྱི་གོ་ཆ་བཙན་པོས་ཐོག་མར་མི་གཞན་གྱི་བདེ་ སྡུག་གཙོ་བོར་འཛིན་ཏེ། རང་ཉིད་ཀྱིས་ཉམས་བཞེས་དང༌། དེ་དག་གཞན་ལ་བསླབ་བྱའི་ཕྱག་བསྟར་གནང་སྟེ་འཛམ་གླིང་ཐོག་ཉམ་ཐག་པའི་མི་མང་གི་ ྋསྐྱབས་མགོན་ཞིག་དང༌། དད་མོས་མི་འདྲ་བའི་ཆོས་ལུགས་ཡོད་དོ་ཅོག་ཕན་ཚུན་མཛའ་མཐུན་གྱི་འབྲེལ་ཟམ་གཏོད་ མཁན་གྱི་གཙོ་འཛིན་རླབས་ཆེན་ཞིག་ཏུ་གྱུར་ཡོད་ཅེས་དང༌། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་དམ་པ་ཁྲོམ་ལཎ་ཌོ་སེས། འཛམ་གླིང་གི་ལོ་རྒྱུས་ནང་མིའི་བཟང་སྤྱོད་ཀྱིས་ཕོངས་པར་བརྟེན་ནས་ཅི་བྱ་གཏོལ་ བྲལ་གྱི་དུས་སྐབས་སུ། ནང་པའི་དགེ་འདུན་དཀྱུས་མའི་བརྟུལ་ཞུགས་ཅན་གྱི་སྐྱེས་བུ་འདི་ནི་འཛད་མཐའ་མེད་ པའི་བཟང་སྤྱོད་ཀྱི་འབྱུང་ཁུངས་སུ་གྱུར་ཡོད།

གཞན་ ཡང༌། ཨ་རིའི་གྲོས་ཚོགས་གོང་མའི་མཁྱེན་ལྡན་མ་ཌིན་ནཱི་ཧཕན་སེ་ཀྲིན་གྱིས། རང་རེའི་འཛམ་གླིང་འདི་རྩོད་རྙོག་དང་འཐབ་རྩོད་ཀྱིས་ཁེངས་ཡོད་ཀྱང༌། ཏཱ་ལའི་བླ་མ་མཆོག་གིས་འཛམ་གླིང་འདི་རང་གི་རྒྱལ་མཚམས་ལས་བརྒལ་དུ་བཅུག་ནས་ང་ ཚོར་རེ་བ་དང་ཁྱད་དུ་འཕགས་པའི་བློ་སྟོབས་སྤེལ་བཞིན་ཡོད། དགེ་ལེགས་འཕེལ།

སྤྱི་ ལོ་ ༢༠༠༩ ཟླ་ ༡ ཚེས་ ༢༨ ཉིན།།

 
 
པར་དབང་ཡོད་ཚད་ཤེས་བྱ་ཀུན་འདུས་རྩོམ་སྒྲིག་ཁང་ལ་དབང་བས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག
MEEC-Tilak Building, Bhagsu Road,Mcleod Ganji,Dharamsala,Distt.Kangra ( H.P ) Pin-176219- INDIA
འབྲེལ་གཏུགས་ཁ་པར་ཨང། 0091-9418143052 ཨ་རི-00181-23301249
( དྲ་རྒྱ་བཟོ་འགོད་པ་-ཆོས་འཕེལ། Contact-Email ( gyal25@gmail.com )ཁ་པར-9816235456 )
ལུག་མགོ་བཀལ་ནས་ཁྱི་ཤ་འཚོང་བ།
བཀྲ་ཤིས་ཟླ་བ།